༄༅། །ན་མོ་གུ་རུ། །བྱང་ཕྱོགས་བཀོ་སྐལ་མེ་ཏོག་ཕོག་པའི་ལྷ། །ལྷ་ཡི་བླ་མ་རྗེ་བཙུན་དམ་པ་མཆོག །མཐའ་མེད་སྟོབས་དང་ནག་སྤྱོད་སྒྲོལ་མགོན་སོགས། །སྤྲུལ་སྐུ་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་རྡོ་རྗེའི་རྣམ་རོལ་གྱིས། །མཐའ་ཁོབ་ཡུལ་དེར་ཐོག་མར་བྱོན་མཛད་ནས། །སྐལ་དམན་སྙིགས་མའི་འདུལ་བྱ་བདག་ཅག་གི། །སྐྱབས་མགོན་དཔུང་གཉེན་མཛད་པར་གསོལ་བ་འདེབས། །ལོག་སྨོན་ཀླ་ཀློ་དམར་པོའི་མཐུ་བརྟས་པའི། །སྨག་རུམ་དུས་སུའང་བདག་ཅག་མ་འབོར་པར། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བསམ་བཞིན་དུ། །རིང་ནས་རྗེས་བཟུང་མཛད་ལ་གསོལ་བ་འདེབས། །རེ་ཞིག་མི་རྟག་ཆོས་ཉིད་བསྟན་པའི་ཕྱིར། །གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བསྡུས་པའི་ཚུལ། །བསྟན་ཀྱང་སླར་ཡང་མྱུར་དུ་བྱོན་འགྱུར་ཏེ། །བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ། །བྱང་ཕྱོགས་འགྲོ་བའི་མགོན་པོ་ཆོས་ཀྱི་རྗེ། །འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག །སླར་ཡང་་ངུར་སྨྲིག་གར་གྱིས་རྣམ་རོལ་ཏེ། །སྐལ་བཟང་འདུལ་བྱའི་རེ་བ་སྐོང་པར་ཤོག །བདག་ཀྱང་ཅི་བསགས་དགེ་འབྲས་ཇི་སྙེད་ཀྱིས། །རྩ་བའི་བླ་མ་ཁྱོད་དང་ཡང་ཡང་མཇལ། །སྐད་ཅིག་ཙམ་ཡང་བྲལ་མེད་རྗེས་བཟུང་སྟེ། །ཁྱོད་ཀྱི་ལེགས བཤད་སྦྲང་རྩིས་རོལ་བར་ཤོག །

ཅེས་རང་ཅག་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་གྱི་སྐྱབས་གནས་མཐར་ཐུག་པ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་ཞི་བར་གཤེགས་པས་དམ་པ་གང་དང་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་མཇལ་བ་ནས་བཟུང་མི་ཕྱེད་པའི་དད་པ་ཐོབ་ཅིང་། ལྷག་པར་ཏུ་དངོས་དང་རྨི་ལམ་གྱིཐོག་ནས་དད་པ་འཕེལ་བའི་མཚན་མ་མང་པོས་བསྐྱངས་བར་མཛད། རང་ལའང་སློབ་གཉེར་བྱེད་པའི་དུས་སུ་དངོས་ཤུགས་གང་གི་སྒོ་ནས་རྗེས་སུ་བཟུང་བར་གནང་བའི་དཀའ་དྲིན་དྲན་བཞིན་དུ་དམ་པ་གང་གི་སློབ་མའི་ཐ་ཤལ་པ་སྨན་མིང་འཛིན་པ་ཞིག་གིས་ཡང་སྲིད་རིན་པོ་ཆེ་མྱུར་དུ་བྱོན་པའོ་འདོད་སྨོན་དང་བཅས་རང་གི་ཁ་ཏོན་དུ་དད་པས་གློ་བུར་དུ་བྲིས་པའོ།། །།


ཨོཾ་ཨཱཿ་གུ་རུ་བཛྲ་དྷ་ར་མཉྫུ་ཤྲཱི་བི་མུཀྟ་དྷརྨ་དྷྭ་ཛ་སརྦ་སི་དྡྷི་ཧཱུཾ་ཧཱུཾ།།


3 comments:

  1. Сайн байна уу?
    Энэ нүүрэн дээр юу гэж бичсэн байгаа юм болоо?

    ReplyDelete
  2. ene chini eroosoo oilgogdohgui bnashde

    ReplyDelete
  3. usegnuud ni yachihsan yum be

    ReplyDelete

Free Hit Counter